rdo la gser zhun

རྡོ་ལ་གསེར་ཞུན་

།། ༄༅། །རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་ས་མཱ་དྷི། བོད་སྐད་དུ། བྱང་ཆུབ་སེམས་བསྒོམ་པ། བཅོམ་ལྡན་འདས་དབྱིངས་གསུམ་རྣམ་པར་དག་པའི་ངང་ལ་ཕྱག་འཚལ་ལོ།། བདག་མེད་གཉིས་ཉིད་བདེ་གཤེགས་མི་རྟོག་ཡེ་ཤེས་ཆོས་དབྱིངས་སྐུ་བརྙེས་པ།། ཀུན་གྱི་རང་བཞིན་ཞི་བ་འདི་ལ་གསལ་ཞིང་བླ་མེད་ལམ་མཆོག་སྟེ།། མི་ལྡོག་ས་ལ་སོགས་ཏེ་དབང་བཅུ་རྒྱལ་བ་ཀུན་དང་གཅིག་བརྙེས་པ།། གནས་གསུམ་མཉམ་ཉིད་དེ་ལ་མཚན་མེད་ཡིད་ཀྱིས་རབ་ཏུ་དད་པས་མོས།། སྟོན་པ་འཇིག་རྟེན་སྒྲོན་མར་གྱུར་པ་ཀུན་གྱིས་མཚུངས་པར་གྱུར་པ་རབ་བསྔགས་པ།། ཆོས་ལ་ཆོས་ཀྱི་སྙིང་པོར་གྱུར་པས་འཇམ་དཔལ་གཞོན་ནུའི་སྙིང་པོ་ཡིན།། བདེ་གཤེགས་མ་ལུས་ཡུམ་དུ་གྱུར་པས་རྒྱལ་བ་ཀུན་གྱི་ལམ་གཅིག་གོ། ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པ།། རྣམ་དག་བྱང་ཆུབ་སེམས་ཀྱི་ངང་ཚུལ་བསྒོམས་དང་ཡོན་ཏན་ཁྱད་པར་ནི།། བློ་ལྡན་ནམ་ཞིག་སེམས་ཀྱི་དམ་པ་དེ་ནི་མངོན་དུ་གྱུར་པས་ན།། དེ་ལ་སྐུ་གསུམ་མཆོག་ཏུ་གྱུར་པས་ཆོས་ཀྱི་སྐུ་ཞེས་རྒྱལ་བས་གསུངས།། ཤེས་བྱེད་དམ་པར་གྱུར་པས་ཤེས་རབ་སྤྱན་ཞེས་ཀྱང་ནི་དེ་ལ་བྱ།། རྡོ་རྗེ་རྩེ་མོ་མཆོག་ཉིད་མི་རྟོག་ཡེ་ཤེས་དེ་ཡང་དེ་ཉིད་དོ།། ཇི་སྙེད་འཕགས་པའི་རྣལ་གྲོལ་ཆོས་སུ་བསྙད་པ་དེ་དག་ཀྱང།། བྱང་ཆུབ་སེམས་ཉིད་རྫོགས་ལས་དེ་ཡི་ཡོན་ཏན་དེ་དག་དེ་ལས་འབྱུང།། འཕགས་པའི་རིགས་ཆེན་འཆི་མེད་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང།། དེ་མེད་མི་འབྱུང་དེ་ཕྱིར་དེ་ནི་རྣམ་གྲོལ་མཆོག་གི་ལམ་ཉིད་དོ།། དེ་ན་ཀུན་ཏུ་རྡོ་རྗེ་སེམས་དཔའ་ཅི་འདྲར་བསྒོམ་པར་བྱ་བར་འགྱུར།། ཕྲ་ཞིང་ཤེས་དཀའ་དྲང་སྲོང་ཆེན་པོའི་ལམ་འདིའི་མི་རྟོག་རྟོག་ལས་འདས།། བརྟག་པར་དཀའ་ཞིང་བསྟན་པར་དཀའ་ལ་བརྗོད་པའི་ཐ་སྙད་རྣམས་དང་བྲལ།། ཚིག་གིས་མི་ཕེབས་གཞན་དང་བྱིས་པ་ཀུན་གྱི་སྤྱོད་ཡུལ་མ་ཡིན་ཡང།། སྟོན་པ་ངེས་པའི་ལུང་དང་བླ་མ་རྣམས་ཀྱི་མན་ངག་དོན་འདིར་ལྟ།། མངོན་སུམ་ལ་སོགས་རྒྱུ་ཡིས་དངོས་པོ་འཇིག་ཅིང་གྲུབ་པའི་མཐའ་སྤྱོད་པ།། དེ་ཉིད་རྟོགས་པའི་རྒྱུན་འབྲངས་སྤྱོད་ཡུལ་ཚད་མར་གཞག་ནས་བློ་ཡིས་འཇིག་བྱེད་དེ།། རྟོག་མཐའ་མེད་ཕྱིར་དཔྱོད་མཐའ་མེད་དེ་སྙིང་པོ་མེད་ན་ཚད་མ་གང།། དེ་ཕྱིར་འཇིག་རྟེན་བརྟགས་པའི་ཐ་སྙད་རྣལ་འབྱོར་ལམ་འདིར་མི་དགོས་སོ།། དངོས་པོ་མཐའ་ཡི་རྒྱུ་ནི་ལོ་རྒྱུས་དག་ལས་ལམ་འདིར་བརྟག་པར་བྱ།། སྐྱེ་བོ་ཀུན་གྱི་སེམས་ལ་མངོན་སྣང་ཕྱི་ནང་གྲགས་པའི་ཆོས་འདི་ནི།། འཛིན་བ་དྲུག་གིས་ཇི་ལྟར་མཐོང་ཞིང་བརྟགས་པ་དེ་ལྟར་མ་ཡིན་འཁྲུལ།། རང་གི་རྟོག་པས་མྱོས་ཤིང་གཟུང་བ་དེ་བཞིན་བདེན་གྱུར་ན།། དེ་དག་དངོས་པོ་མེད་རྟོགས་དགྲ་བཅོམ་འདྲ་བར་གྲོལ་བར་འགྱུར་བར་རིགས།། དེ་དག་དུས་དགྲས་འཇོམས་དང་སྡུག་བསྔལ་ཉེན་ལས་དེས་འཁྲུལ་མངོན་པར་འགྱུར།། གཞན་དུ་སྐྱེ་མཆེད་སྒོ་ནས་རིག་པ་དེ་དག་ཚད་མར་གྱུར་ན་ནི།། དེ་དག་ཚད་མར་གྱུར་པས་འཕགས་པའི་ལམ་དེ་སུ་ལའང་དགོས་མི་འགྱུར།། ལམ་དེ་རྣམ་གྲོལ་ལམ་དུ་བསྟན་ཅིང་དབང་པོའི་ཤེས་པས་མི་ཐར་ཏེ།། སྡུག་བསྔལ་འགའ་ཡང་མི་འཇིལ་རྣམ་རིག་ཤེས་ཏེ་ཉོན་མོངས་འབྱུང་བའི་གནས།། དེ་ཕྱིར་སྐྱེ་བོས་མཐོང་བ་དེ་དག་འཁྲུལ་པར་མངོན་ཞེས་རྒྱལ་བས་གསུངས།། དེ་ན་དེ་ལ་འདི་དག་འཁྲུལ་པའི་དབང་གིས་ཇི་ལྟར་སྣང་བར་འགྱུར་ཞེ་ན།། ཀུན་ཏུ་རྟོག་ཅན་ཡང་དག་མ་ཡིན་ཀུན་ཏུ་རྟོག་པས་བཅོམ་མེད་ཉམས།། བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་མ་རིག་རྐྱེན་གྱི་དབང་སོང་བས།། སེམས་དང་སེམས་ལས་བྱུང་བ་དེ་ཉིད་ལུས་གསུམ་དོན་དུ་སྣང་བ་ཡིན།། འདུ་བྱེད་སྣ་ཚོགས་བདག་གིས་བག་ཆགས་བསགས་ལས་གང་གོམས་མཐུ་རྟས་ཚེ།། སེམས་ཉིད་ཡུལ་དང་ཡུལ་འདྲར་སྣང་བ་རུས་པས་གང་བ་བཞིན་དུ་སྣང།། བག་ཆགས་བསགས་པའི་རྒྱུན་ལས་དམིགས་སྐྱེས་ཡིད་ལ་བརྟགས་པའི་བདག་ནི་མེད།། འདུ་བྱེད་མཐུ་ཡིས་བསྒྲིབས་ཤིང་ཕྲ་བ་མ་མཐོང་དེ་ལས་རྣམ་རིག་སྐྱེ།། རྒྱུན་དང་བཅས་པའི་སེམས་ཀྱི་མཐུ་ནི་མ་རྟོགས་རྟོག་པའི་རྗེས་འབྲངས་ནས།། དེ་ལས་ཟག་བཅས་རང་བཞིན་རྟོགས་པས་བདག་དང་ཆོས་རྣམས་རྒྱས་པར་བྱེད།། ལྡན་པར་འབྱུང་བ་ཤིན་ཏུ་ཕྲ་བར་རྒྱུ་བ་དེ་ནི་མ་མཐོང་བས།། བདག་ཏུ་ལྟ་ལ་སོགས་པ་མུ་སྟེགས་ལྟ་བ་སྣ་ཚོགས་སྐྱེ་ཞིང་ཐར་པར་རྟོག། སེམས་འདི་ལས་རྣམས་མཐའ་ཡས་གནས་གྱུར་བག་ཆགས་མཐའ་མེད་ངེས་པ་མེད།། བག་ཆགས་ལྟས་ཤིང་སད་པར་བྱེད་པའི་རྐྱེན་ཡང་རྣམ་པ་སྣ་ཚོགས་ཏེ།། རྐྱེན་འགས་བག་ཆགས་འགའ་ཞིག་སྨིན་ནས་མི་ཡི་རྒྱུད་ཀྱི་ལུས་སྣང་ལ།། རྐྱེན་གཞན་དག་གིས་བག་ཆགས་གཞན་སད་བྱས་ཚེ་འགྱུར་པའི་མཐུ་མཐོང་ནས།། དབང་ཕྱུག་ལ་སོགས་བྱེད་པར་འདོད་པས་ལམ་དེས་མི་ཞེ་གྲོལ་མི་འགྱུར།། རྣལ་འབྱོར་ལམ་བསླད་ཐེ་ཙོམ་རྒྱུ་ཡང་རྒྱུན་འདི་ཕྲ་བ་མ་རྟོགས་སྐྱེས།། བདག་ཏུ་བརྟགས་པས་བསྒྲིབས་ཏེ་འཕགས་པའི་རིགས་དང་རྣམ་པར་བྲལ།། ཆོས་སུ་བརྟགས་པས་སྡུག་བསྔལ་སྣ་ཚོགས་འབྱུང་ཞིང་ངན་སོང་སྲིད་པར་འགྱུར།། རྣམ་ཤེས་དེ་ཡང་འདུ་བྱེད་རྒྱུན་ལས་མཚན་མ་ཐ་དད་འཛིན་པས་ན།། ལས་ཀྱི་ཁྱད་པར་དག་གིས་བརྒྱད་དུ་སྣང་གི་རིགས་ལ་དུ་མ་མེད།། དེ་ཕྱིར་སེམས་ཀྱི་སྐད་ཅིག་དང་པོ་དེ་ལ་ལུས་དང་ཆོས་ཀུན་གནས།། དེ་ལ་བསམ་པ་ཞེན་ཕྱིར་ཕྱི་མ་དེས་འབྱུང་དེ་ལ་སྣང།། རང་སེམས་རྒྱུན་ལས་འཕགས་སྐྱེ་བོའི་ཆོས་ནི་གཞན་ན་ཡོད་མ་ཡིན།། རྒྱུད་དྲུག་རིགས་ལས་དེ་ཡང་སྣ་ཚོགས་དེ་དག་རང་གིས་ཏིང་འཛིན་ཏོ།། སེམས་རྒྱུན་དེ་ནི་ཕྱོགས་ཀྱང་ཅུང་ཟད་མེད་པས་དེའང་རྟེན་མེད་དེ།། དེ་ལ་ཕྱོགས་མེད་ཕྱིར་ན་མཐའ་ཡས་ཞིང་རྣམས་བདག་གི་ལུས།། བདག་གིས་ལུས་ནི་མཐའ་ཡས་ཞིང་དང་སྐྱེ་བོའི་ལུས་སུ་རབ་སྣང་ཡང།། སེམས་དང་བག་ཆགས་གཅིག་མིན་ཐ་དད་མ་ཡིན་བརྟག་པར་རབ་ཏུ་དཀའ།། འདི་ཀུན་རྟེན་ཅིང་འབྲེལ་འབྱུང་ཚུལ་ཏེ་སྐྱེ་དང་འགག་པར་འགྱུར་ཞེས་པ།། ཚིག་པའི་ས་བོན་བཞིན་དུ་མེད་ལས་མེད་པ་མི་འབྱུང་རྒྱུ་འབྲས་མེད།། དངོས་པོར་ཞེན་ཅིང་རྒྱུ་དང་འབྲས་བུར་རྟོག་པའི་སེམས་ཉིད་ནི།། རྒྱུ་དང་རྐྱེན་དུ་སྣང་སྟེ་གཉིས་སུ་མེད་ཕྱིར་སྐྱེ་དང་འཇིག་པ་མེད།། སྐྱེ་འཇིག་མེད་ཕྱིར་བདག་གཞན་མེད་དེ་འཆི་འཕོ་མེད་ཕྱིར་རྟག་ཆད་མེད།། དེས་ན་འཁྲུལ་འཁོར་མེད་ཅིང་མྱ་ངན་འདས་པའང་མེད་པ་ཉིད་དུ་མངོན།། གནས་ཀྱི་སྐད་ཅིག་ནམ་ཡང་མི་འབྲལ་དེ་ཚེ་མཉམ་འགྱུར་དེ་མེད་མེད།། ཡང་དག་མ་ཡིན་རྟོག་པས་བསྐྱེད་ཕྱིར་བག་ཆགས་ཡོད་པ་མ་ཡིན་དང།། སྤྱོད་ཡུལ་མེད་ཕྱིར་ཀུན་གཞི་མེད་ཅིང་རྣམ་རིག་དེ་ཡང་མེད་པ་ཡིན།། ཕྱོགས་རྣམས་མེད་ཕྱིར་དམིགས་དང་གནས་མེད་རྣམ་ཤེས་རིག་པ་ཇི་ལྟར་སྐྱེ།། དེ་ཕྱིར་སེམས་འདི་ཡོད་མེད་མཐའ་ལས་འདས་ཤིང་གཅིག་དང་དུ་མར་བྲལ།། བདེ་གཤེགས་བྱང་ཆུབ་མེད་ཕྱིར་དེ་ཡི་རྫུ་འཕྲུལ་སྒྱུ་འདྲར་འཁྲུལ་ལ་སྣང།། དེ་བཞིན་དག་པའི་ཡེ་ཤེས་དེ་དག་དགེ་བའི་རྒྱུ་ཉིད་དང།། ཆོས་ཀྱི་དབྱིངས་ཉིད་ལ་ནི་དེ་དག་དམིགས་ཤིང་སྐྱེ་བར་བརྟགས་པ་ཡང།། རྡོ་རྗེའི་གནས་མེད་ཕྱིར་ན་མཉམ་གནས་རང་བཞིན་འདྲར་འགྱུར་དང།། ཆོས་དབྱིངས་རྡོ་རྗེ་རྩེ་མོ་དེ་དག་ཕྱོགས་ཉིད་མེད་པས་སྐད་ཅིག་མིན།། དག་པའི་དགེ་རྩ་གཟུགས་བརྙན་མེད་པས་འཇིག་རྟེན་ཡེ་ཤེས་ཡོད་མི་འགྱུར།། དེ་ཕྱིར་བྱང་ཆུབ་མ་ཆུབ་མཚན་ཉིད་མེད་པར་གཅིག་པས་བླང་དོར་མེད།། དོན་དེའི་ཚུལ་གྱིས་དོན་དམ་རྣམ་གྲངས་སྐྱེ་འགག་མེད་དང་མཉམ་ཉིད་དང།། གཉིས་མེད་བསམ་འདས་སྟོང་ཉིད་ཆོས་དབྱིངས་བརྗོད་དང་ཐ་སྙད་བྲལ་ལ་སོགས།། བསྟན་པ་དེ་ཀུན་ཐ་སྙད་ཡིན་ཏེ་དོན་དམ་མེད་ཅིང་ཀུན་སྒྲིབ་མེད།། དོན་དམ་ཚུལ་གྱིས་ལམ་ཉིད་འདི་འདྲ་ཞེས་པ་དེ་ཉིད་ཀུན་སྒྲིབ་ཡིན།། ཐེ་ཙོམ་ཡོད་མེད་ཆོས་ནི་གང་ལའང་སྤོང་ཞིང་གནས་པར་མི་བྱེད་དོ།། བསྒོམ་པ་དང་ནི་ཆོས་དབྱིངས་མེད་ཕྱིར་སོམ་ཉི་མེད་ལ་དམ་པར་ལྟ་བའང་མེད།། དེ་ལྟར་དངོས་པོའི་མཐའ་རྣམས་བརྟགས་དང་རང་བཞིན་སྒྱུ་མ་མེད་འགྱུར་ཕྱིར།། ཡོད་ལས་ལྟོས་བའི་མེད་པ་མེད་དེ་མེད་པའང་མེད།། མཐའ་རྣམས་མེད་ཕྱིར་དབུས་མེད་དབུས་ལའང་གནས་པར་མི་བྱེད་དོ།། གང་ལའང་འཇིག་རྟེན་དབང་ཕྱུག་པ་དྨ་ཀུན་ཀྱང་མི་སྤོང་འདྲ་མཉམ་གནས།། ཆོས་ལ་འཁྲུལ་པར་མཐོང་བ་དེ་ཉིད་འཁྲུལ་པ་ཡིན་པར་རབ་རྟོགས་ཏེ།། དྲུག་གི་བསྟན་པ་བདུད་ཀྱི་ལས་ཀྱང་མི་འདོར་ངན་དུ་མི་རྟོག་གོ། ཤེས་རབ་ཐབས་ཀྱི་སྤྱོད་པ་མི་གནས་ཕྱིར་ན་བདུད་ཀྱི་འདྲ་བར་སྤྱོད།། རང་གི་ཤེས་པ་དམ་པར་བྱ་སྟེ་ཀུན་ལས་རྒྱལ་ཏེ་དེ་སྙེམས་ན།། འདོད་ཆགས་ཞེ་སྡང་སྐྱེས་ནས་རྩོད་འབྱུང་གཏི་མུག་ཡིན་ཏེ་དོན་མི་མཐོང།། ཇི་སྲིད་ཡིད་ཀྱི་གཡོ་བ་དེ་སྲིད་བདུད་ཀྱི་ཡུལ་ཏེ་ཕྲ་བའི་ལམ། ། གཡོ་དང་མི་གཡོ་ཐ་སྙད་མི་གནས་གནས་ལའང་གནས་པར་མི་བྱེད་དེ།། སྣང་མེད་དབུ་མའི་ལམ་དེ་བྱང་ཆུབ་སེམས་ཞེས་བདེ་གཤེགས་གསུངས།། གཟུགས་དང་མཚན་མ་སྨོན་པར་འཛིན་པ་རབ་ཏུ་སྤངས་ནས་སུ།། རྣམ་ཐར་གསུམ་པོ་བསྒོམ་པའང་བདུད་ཀྱི་ལས་ཏེ་གཟུགས་ཉིད་སྟོང་པ་འོ།། འཁོར་བའི་ལམ་གསུམ་སྤོང་ཞིང་མྱ་ངན་འདས་ལམ་སྒོམ་བྱེད་པའང་བདུད་ཉིད་དེ།། དེ་ཉིད་རང་བཞིན་མ་ཞི་རང་བཞིན་རྩལ་སྤངས་གར་མི་གནས།། འཕགས་པ་ཀུན་གྱི་ཡུལ་དང་གནས་ཀྱང་འདས་སོགས་ལམ་ཉིད་གཞན་ན་མེད།། ལྡང་དང་མི་ལྡང་ཆེད་དུ་མི་སྤོང་སེམས་རྟེན་མི་འཆའ་མངོན་དུ་མིན།། འཇམ་དཔལ་མ་ཡིན་རྡུལ་ཙམ་གཡོ་བ་དེ་ཉིད་དེ་ཡིན་དེར་མི་གནས།། བསྒོམས་པའི་ས་མི་རྙེད་ཕྱིར་བསྒོམས་པས་རྙེད་པར་མི་འགྱུར་ཏེ།། སེམས་ཀྱི་སྤྱོད་ཡུལ་ཤེས་པ་དེ་དག་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན།། རྣམ་བྲལ་གང་ལའང་མཆོག་དང་ཐ་མ་མེད་པར་ལམ་མཆོག་འདི་བསྒོམ་མོ།། འདུ་བྱེད་མ་སྐྱེས་ཆོས་ཀུན་འབྱུང་མེད་ཤིན་ཏུ་ཆོས་རྣམས་མྱན་ངན་འདས།། དངོས་མེད་དེ་ཚེ་ཀུན་ཀྱང་ཆོས་ཀྱི་དབྱིངས་ཤེས་དགྲ་བཅོམ་རབ་འབྱོར་ཡིན།། ནམ་མཁའ་མི་དམིགས་མིང་ཙམ་དགེ་དང་མི་དགེ་འབྱེད་མེད་སྐྱེ་བའང་མེད།། རྩོལ་བ་ཡིད་ལ་མི་བྱེད་གང་ལའང་སེམས་མེད་ཤེས་དང་མི་ཤེས་བྲལ།། དྲན་དང་འབྱེད་མེད་གང་ལའང་སྤོང་ལེན་དགའ་དང་མཚུངས་མེད་མི་དམིགས་ཤིང།། མཉམ་གནས་གཉིས་སུ་བརྟག་མེད་བརྗོད་བྲལ་བྱ་དང་མི་བྱ་མེད་དེ་སྲོག་བྲི་མེད།། ཆེད་དུ་རྩོལ་བར་ཡིད་ལ་མི་བྱེད་ཅིས་ཀྱང་མི་འཁྲུགས་མཉམ་ཤེས་དང།། གང་ལའང་ཆགས་དང་ཡུལ་གྱི་མྱོས་སྐྲག་མེད་དེ་མི་འབྲལ་མི་གནས་ཤིང།། མི་འཕྲོགས་མཉམ་ཤེས་བཞི་པོ་ཕྱོགས་དང་ཕ་རོལ་ཕྱིན་རྣམས་དེར་ཤེས་ཏེ།། སེམས་ཀྱི་དབྱིངས་སུ་བསྒོམ་པས་ལམ་འདི་གཞན་དུ་བསྒོམས་པས་འོད་གསལ་མི་འགྱུར་རོ།། བརྡ་ཅན་ཡང་དག་ལེན་པའང་བྱང་ཆུབ་ཆེན་པོ་ཡིན་ཞེས་སྟོན་པས་རབ་གསུངས་ཕྱིར།། དེ་ལ་འདི་ནི་བྱང་ཆུབ་སེམས་ཉིད་བསྐྱེད་ཅིང་བསྒོམ་པའི་གནས་ཡིན་ཏེ།། ཏིང་འཛིན་གསུམ་པོ་བརྟན་པར་བྱས་ནས་རྟགས་ཀྱི་མཚན་མ་ཕྱག་རྒྱ་གསུམ་བཅིངས་ནས།། ཆོས་ཀྱི་ཕྱག་རྒྱ་ཆེན་པོར་སེམས་ཉིད་བསྐྱེད་དེ་སྙིང་པོ་བརྗོད་ཅིང་བསྒོམ་པའི་གནས།། རྡོ་རྗེ་སེམས་དཔའ་བསྒོམས་པས་མ་ནོར་ལམ་ཀུན་མ་ནོར་བསྒོམས་པ་ཡིན།། ཀུན་ཏུ་བཟང་མོའི་སྤྱོད་པས་མ་ཟིན་དགེ་བའི་ཆོས་ནི་གང་ཡང་རུང།། ཀུན་ཏུ་བཟང་པོའི་སྤྱོད་པའང་བདུད་ཀྱི་ལས་ཏེ་ཟད་ཅིང་མཐར་ཐུག་འགྱུར།། དེ་དང་ལྡན་པའི་ལས་ནི་བདུད་ཀྱི་ལས་ཀྱང་བྱང་ཆུབ་སྤྱོད་པར་གསུངས།། དོན་འདིར་མོས་པ་དེ་ཡང་བྱང་ཆུབ་ཆེན་པོ་ཡིན་ཞེས་རྒྱལ་བས་རབ་ཏུ་བསྔགས།། གནས་འདིར་བསྐྱེད་པ་ཙམ་གྱིས་འཇིག་རྟེན་གསུམ་པོ་བླ་མར་བཅས་པ་ཡིས།། མཆོད་གནས་ཉན་ཐོས་བདུད་ཀྱི་སྡེ་རྣམས་ཟིལ་གྱིས་ནོན་ཞེས་རྒྱལ་བས་གསུངས།། ཐབས་ཆེན་བྱང་ཆུབ་སེམས་དཔའི་གསང་བའི་སྤྱོད་པའང་འདི་ཉིད་དེ།། འདི་མིན་རྒྱལ་བ་རྣམ་པར་སྣང་མཛད་ཐེག་པ་གསུམ་སྟོན་མི་སྲིད་དོ།། སྐད་ཅིག་ཙམ་དུ་དད་པའི་ཤུགས་བསྐྱེད་དེ་ཡང་མྱུར་དུ་འཇམ་དཔལ་གཞོན་ནུར་འགྱུར།། དཀྱིལ་འཁོར་གསང་བར་ཞུགས་ཤིང་ཐེག་ཆེན་དམ་ཚིག་མཆོག་ཀྱང་བསྲུངས་པ་ཡིན།། ཚུལ་ཁྲིམས་སྡོམ་པ་ཀུན་ཀྱང་བསྲུངས་ཤིང་སྦྱིན་གནས་དམ་པར་རབ་ཏུ་བསྔགས།། དེ་ཕྱིར་བྱང་ཆུབ་སེམས་ཀྱི་བསོད་ནམས་དེ་ལ་གཟུགས་ཡོད་ན།། ནམ་མཁའ་བར་སྣང་འདི་ཡང་སྣོད་དུ་ཆུང་ཞེས་རྒྱལ་བས་མཚུངས་པར་གསུངས།། སྐྱེ་བོ་སྐྱེ་བ་སྣ་ཚོགས་དག་ལས་སྐྱེས་ཤིང་སྐྱེ་དང་སྐྱེ་འགྱུར་སྐྱེ་བའི་རྒྱུན་གྱིས་དབང་སོང་བས།། རྟོག་མཐའ་མི་ཤེས་རྟོག་བས་བསླུས་ཤིང་རྟོག་བའི་རྒྱུན་འབྲངས་འཁྲུལ་པའི་ཕྱིར་བཟློག་མེད་འགྱུར་བ།། སྒྱུ་མའི་སྒྱུ་ཤེས་དག་གིས་སྒྱུ་མའི་གླང་པོ་འདྲར་སྒྱུ་མས་རྨོངས་པའི་སྒྱུ་མ་རྣམས།། རྨི་ལམ་གྱིས་བསླད་བཞིན་དུ་རྨི་ཡིས་བདེན་པའང་ཉམས་ཤིང་རྨི་ལམ་དབང་དུ་སོང་བའི་རྨི་ལམ་པ།། ལམ་འདི་སྤོང་ཞིང་མཐའ་དང་ལམ་གཞན་ལམ་དུ་བལྟས་ནས་མ་ནོར་ལམ་ཞེས་སྟོན་པ་དེ།། དེ་དག་རྡོ་ལ་གསེར་བཞིན་ཐུགས་རྗེར་རུང་ཞིང་ཐུགས་རྗེའི་ཐུགས་རྗེས་ཀྱེ་མའོ་ཕྲོགས་པ་ཡིན།། ཤིན་ཏུ་མ་སྦྱངས་དུས་ཀྱིས་མནར་བའི་སྐྱེ་བོ་ལྔ་བརྒྱ་ཐ་མ་ལ།། གསུང་རབས་དྲི་མེད་རྟོགས་དཀའ་དག་ལ་སྒྲ་བཞིན་སྤྱོད་དང་ཚུལ་བཞིན་མིན།། རང་གི་བློ་གྲོས་སྟོབས་བཞིན་འཇུག་ལ་སོགས་པ་ལྟ་བ་སྣ་ཚོགས་དག་མ་ཤེས་ཆུ་བོས་གཡེངས་ཤིང་གསུང་གི་ཉིང་ཁུ་བདུད་རྩི་རྣལ་འབྱོར་བྲལ།། དེ་ཕྱིར་རྒྱལ་བས་གསུངས་པའི་ཐུགས་ཀྱི་གསང་བ་དམ་པ་འདི།། ཀུན་ཏུ་རྒྱལ་བ་རྣམས་ཀྱི་སྤྱོད་ཡུལ་ཐུན་མོང་མ་ཡིན་ཡང།། གོམས་པའི་མཐུ་ཡིས་མི་འགལ་ཚུལ་དུ་ཚད་མ་དག་ལས་རབ་བསྒྲུབས་ཏེ།། འགྲོ་བའི་དོན་དུ་མི་གཉིས་ལམ་མཆོག་འདི་ནི་རབ་བགྱིས་པ།། སྐྱེ་བོ་སྐྱེ་གནས་ཐམས་ཅད་དུ་ཡང་སྐད་ཅིག་ཏུ།། མི་མཐུན་ཕྱོགས་ཀྱིས་མི་ཉམས་རྒྱལ་བ་ཀུན་གྱི་ཐུགས་འདི་རབ་རྒྱས་ཤོག། སེམས་བསྒོམ་རྡོ་ལ་གསེར་ཞུན་རྫོགས་སོ།།

Posted by staff at September 10, 2004 10:05 AM